༄༅། །མཆོག་ཏུ་བཀུར་འོས་དགེ་བའི་བཤེས་གཉེན་རྣམ་པ་དང་། ཤེས་ཡོན་འགན་འཛིན་རྣམ་གཉིས་གཙོས་པའི་རྒྱུན་ལས་རྣམ་པ། ཕ་མའི་འཐུས་མི་རྣམ་པས་གཙོས་པའི་རྒྱ་ཆེ་ཕ་མ་རྣམ་པ། ཆེས་མཛའ་ཞིང་ཉེ་བའི་སློབ་གཉེར་བ་རྣམ་པའི་དྲུང་དུ།
དེ་ཡང་ཇི་སྐད་དུ། ཐོས་པ་གཏི་མུག་མུན་སེལ་སྒྲོན་མེ་ཡིན།། རྐུན་པོ་ལ་སོགས་མི་འཁྱེར་ནོར་གྱི་མཆོག།། ཀུན་ཏུ་རྨོངས་པའི་དགྲ་འཇོམས་མཚོན་ཆ་ཡིན།། ཐབས་ཚུལ་མན་ངག་སྟོན་པས་གྲོགས་ཀྱི་མཆོག།། ཕོངས་པར་གྱུར་ཀྱང་མི་འགྱུར་མཛའ་བོ་ཡིན།། གནོད་པ་མེད་པ་མྱ་ངན་ནད་ཀྱི་སྨན།། ཉེས་པ་ཆེན་པོའི་དཔུང་འཇོམས་དཔུང་གི་མཆོག།། གྲགས་དང་དཔལ་དང་གཏེར་གྱི་མཆོག་ཀྱང་ཡིན།། ཡ་རབས་རྣམས་དང་ཕྲད་ན་སྐྱེས་ཀྱི་མཆོག།། ཚོགས་ཀྱི་ནང་ན་མཁས་པ་མགུ་བར་འགྱུར།། ཞེས་གསུངས་པ་ལྟར་ཐོག་མར་ཟབ་ཅིང་རྒྱ་ཆེ་བའི་ཐོས་པ་སྤྱི་དང་། ཁྱད་པར་སྐབས་སུ་བབ་པ་རང་རེ་མེས་པོའི་ཤུལ་བཞག་ཆོས་ནོར་འདོད་ཐར་དཔལ་ལ་འབྱོར་བའི་རྩ་ཆེའི་བོད་ཀྱི་སྐད་དང་ལེགས་བྱང་གི་ཐོས་པའི་གཏེར་མཛོད་ལ་གུས་ཕྱག་སྔོན་དུ་བཏང་ནས། ལྷན་རྒྱས་ཡོངས་ལ་བདག་གིས་གུས་པ་ཆེན་པོས་འཚམས་འདྲི་ཞུ་བ་དང་སྦྲགས། དང་ཐོག་ལྷན་རྒྱས་ནས་གུས་པར་རང་གི་སྐད་དང་ལེགས་བྱང་ལ་ཞབས་ཞུ་བསྒྲུབ་རྒྱུའི་སྐལ་བཟང་གི་གོ་སྐལ་སྩལ་བར་སེམས་གཏིང་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།
ཐོག་མར་འདས་པའི་སློབ་སྤྱི་རྣམ་པ་དང་། དགེ་བའི་བཤེས་གཉེན་རྣམ་པ། ད་ཡོད་ཕྱག་སྦྲེལ་དགེ་བའི་བཤེས་གཉེན་རྣམ་པ། འདས་དང་ད་ལྟའི་ཤེས་ཡོན་འགན་འཛིན་གྱིས་གཙོས་པའི་རྒྱུན་ལས་རྣམ་པ། འདས་དང་ད་ལྟའི་ཕ་མའི་འཐུས་མི་རྣམ་པས་གཙོས་རྒྱ་ཆེ་ཕ་མ་རྣམ་པ། དེ་བཞིན་སློབ་གཉེར་བ་རྣམ་པའི་ལྷག་བསམ་དང་ཆོད་སེམས་ལས། གངས་ལྗོངས་ཀྱི་བོད་ཀྱི་སྐད་དང་རིག་གཞུང་གི་སློབ་གྲྭ་འདི་མེད་པ་ནས་ཡོད་པ་དང་། ཡོད་པ་དེ་དུས་ནས་དུས་སུ་ཡག་ཐོག་ཡག་བརྩེགས་ཀྱིས་སྐྱེད་བསྲིངས་མཛད་དེ། རང་རེ་མེས་པོའི་ཤུལ་བཞག་གི་ལེགས་བྱང་དག་འཛིན་སྐྱོང་སྤེལ་གསུམ་ལ་ཞབས་འདེགས་རླབས་པོ་ཆེ་གྲུབ་དང་སྒྲུབ་བཞིན་པ་ལ་ཤིས་པའི་མེ་ཏོག་ལན་བརྒྱར་ཐོར་ཏེ་རྗེས་སུ་ཡི་རངས་དང་བཀྲིན་ཤིན་ཏུ་ནས་ཆེ་ཞེས་ཞུ་འདོད་བྱུང་།
རང་ངོས་ནས་ཀྱང་ཁྱེད་རྣམ་པས་བཅང་པའི་ཡིད་ཆེས་ལ་བློ་གྲོད་པར་བཅོལ། གྲོད་པས་ཆུ་མི་གློད་པར་རང་ནུས་གང་འཇོན་གྱིས་ལྷག་བསམ་རྣམ་པར་དག་པས། མཁྱེན་འཇོན་ལྷག་བསམ་ཡངས་པའི་ཕྱག་སྦྲེལ་རྣམ་དང་མཉམ་ལས་ཀྱིས་རང་གི་སྐད་དང་ལེགས་བྱང་ལ་ཞབས་ཞུ་བསྒྲུབ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་མ་ཟད། མཆོག་གསུམ་ལའང་ཆོད་སེམས་དེ་བཞིན་ལམ་ལྷོང་ཡོང་བའི་གསོལ་སྨོན་ཤུགས་དྲག་ཞུས་དང་ཞུ་མུས་ཡིན།
མཚམས་འདིར་ལྷན་རྒྱས་ལ་རེ་བ་ཞུ་རྒྱུར། མེས་པོས་གཏད་པའི་རང་རེའི་སྐད་དང་ལེགས་བྱང་གི་ཆ་ཉམས་པ་དག་སླར་གསོ་དང་། མི་ཉམས་རྒྱུན་འཛིན་དང་། དེ་བཞིན་སྔར་ལྷག་དར་སྤེལ་བཅས་ཡོང་བར། འདས་པའི་བྱུང་བ་ལས་སློབ་གསོ་དང་། མ་འོངས་མདུན་སྐྱོད་ཀྱི་གཟིགས་རྒྱ་ཡངས་པོར་བསྐྱེད་དེ། རང་རེའི་སློབ་གཉེར་ཁང་འདི་ཐབ་ཆུང་ཆུང་ནང་ལ་མེ་ཚ་པོ་གཏོང་མཁན་གྱི་སློབ་གཉེར་ཁང་ཞིག་ཏུ་གྱུར་བར། ཀུན་ཏུ་ཕྱར་བ་གྲུ་འདེགས་ཡོང་བའི་རེ་བ་དང་ཡིད་ཆེས་ཡོད་པས། དེ་ལུགས་ལྷན་རྒྱས་ནས་ཐུགས་བརྩེ་བ་ཆེན་པོས་རྒྱབ་སྐྱོར་དང་བཀའ་སློབ་སོགས་སྔར་ལྷག་ཡོང་བའི་རེ་བ་ཞུ།
མཐའ་དོན་༧གོང་ས་ལྷ་མིའི་རྣམ་འདྲེན་ཐམས་ཅད་མཁྱེན་ཅིང་གཟིགས་པ་མཆོག་གིས་དབུས། གངས་ཅན་ལྗོངས་ཀྱི་སྐྱེས་ཆེན་དམ་པ་གང་ན་སུ་བཞུགས་རྣམ་པའི་ཐུགས་ཀྱི་བཞེད་དགོངས་མ་ལུས་ལྷུན་གྱིས་གྲུབ་པ་དང་། སྐུ་ཚེ་ཞབས་པད་བརྟན་པ། གངས་ཅན་བོད་ཀྱི་སྒྲུན་བྲལ་སྐད་དང་ལེགས་བྱང་དག་གོ་ལའི་དཔལ་ལ་ཡུན་ནས་ཡུན་དུ་འཆར་བའི་གསོལ་སྨོན་ཤུགས་དྲག་དང་བཅས། སློབ་སྤྱིའི་མིང་ཙམ་འཛིན་པ་བདེ་ཆེན་རྡོ་རྗེ་ནས། ཕྱི་ལོ་ ༢༠༢༣། ༡༡། ༢༥ དགེ་བའི་ཉིན་
ཕུལ།