ཕ་མ།

ང་ཚོས་ཕ་མ་དང་དགེ་རྒན་དབར་མཉམ་སྦྲེལ་གྱིས་ཕྲུ་གུའི་ཤེས་ཡོན་སྦྱོང་བརྡར་སྤྱི་དང་། ལྷག་པར་དུ་ཁྱིམ་ཚང་ནང་བོད་ཀྱི་སྐད་ཡིག་སློབ་གསོའི་ཁོར་ཡུག་བསྐྲུན་རྒྱུ་གལ་ཆེ་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད། ཕ་མ་ཚོ་ནི་ཕྲུ་གུའི་དགེ་རྒན་དང་པོ་དང་མི་ཚེའི་སློབ་གསོའི་གཏན་གྲོགས་ཀྱང་ཡིན། གངས་ལྗོངས་ཆོས་ལྡན་གླིང་གཟའ་མཇུག་སློབ་གྲྭའི་སློབ་ཕྲུག་གི་ཕ་མ་ཚོས་སློབ་གྲྭའི་འཛུགས་སྐྲུན་ཐད་ཞབས་འདེགས་གལ་ཆེ་སྒྲུབ་བཞིན་ཡོད་ལ། ཁོང་ཚོས་འཛིན་གྲྭའི་གོ་སྒྲིག་དང་། སློབ་ཕྲུག་ཚོར་ཉིན་གུང་གི་ཞལ་ལག་བཟོ་བ། དེ་བཞིན་སློབ་གྲྭ་ཡར་རྒྱས་གོང་འཕེལ་ཆེད་རོགས་དངུལ་གསོག་སྒྲུབ་བྱེད་ཀྱི་ཡོད།

ཕ་མ་ཚོས་ཕྲུ་གུའི་ཤེས་ཡོན་དང་ཀུན་སྤྱོད་ཡར་རྒྱས་ལ་འབད་བརྩོན་བྱེད་བཞིན་པ་དེར་ང་ཚོས་རྒྱབ་སྐྱོར་ཡོང་ཆེད་ཕ་མ་མཉམ་གྲོས་མོལ་དང་ཚོགས་འདུ་སྐོང་ཚོགས་བྱས་པ་མ་ཟད། དུས་ཐོག་དགོས་མཁོའི་མཐུན་འགྱུར་རིགས་མཁོ་སྤྲོད་ཞུས་དང་ཞུས་མུས་ཡིན།

ཕ་མའི་ལས་འགན།

༡) དུས་རྒྱུན་དུ་ཕྲུ་གུའི་ཤེས་ཡོན་ཐོག་རྒྱབ་སྐྱོར་དང་སེམས་ཤུགས་སྤར་ཐབས་བྱ་དགོས།
༢) སློབ་གྲྭ་ནས་ནང་སྦྱོང་སྤྲད་པ་རྣམས་དུས་ཐོག་བྱ་ཐབས་སུ་རོགས་སྐྱོར་བྱ་དགོས།
༣) ཉིན་ལྟར་རང་སྦྱོང་བྱ་རྒྱུའི་གོམས་གཤིས་འཇགས་ཐབས་བྱ་དགོས།
༤) གལ་ཏེ་ནང་སྦྱོང་དུས་ཐོག་བྱེད་མ་ཐུབ་ཚེ་དགེ་རྒན་ལ་རྒྱུ་མཚན་གསལ་བཤད་བྱ་དགོས།
༥) རྒྱུན་དུས་རང་གི་ཕྲུ་གུ་ཡི་གེ་འབྲི་ཀློག་ལ་གོམས་གཤིས་ཡོང་ཐབས་བྱ་དགོས།
༦) སློབ་འཇུག་འགེངས་ཤོག་དང་སློབ་ཡོན་བཅས་དུས་ཐོག་འབུལ་དགོས།
༧) རང་གི་ཕྲུ་གུ་སློབ་གྲྭར་དུས་ཐོག་སྐྱེལ་བ་དང་དུས་ཐོག་ལེན་ཐབས་བྱ་དགོས།
༨) ཕྲུ་གུ་སློབ་གྲར་ཡོང་མ་ཐུབ་པ་སོགས་བྱུང་ན་ཐད་ཀར་གངས་ལྗོངས་ཆོས་ལྡན་གླིང་གི་ཡིག་ཚང་ལ་ཁ་པར་གཏོང་དགོས།་(༤༡༦ ༤༡༠ ༥༦༠༦)
༩) གལ་ཏེ་ཕྲུ་གུ་དེ་ཉིན་མང་པོ་བསྟུད་མར་སློབ་གྲྭར་ཡོང་མ་ཐུབ་ཚེ། གངས་ལྗོངས་ཆོས་ལྡན་གླིང་དུ་ཞུ་ཡིག་འབུལ་དགོས།
༡༠) ཕྲུ་གུ་དེ་སློབ་གྲྭ་མཚམས་འཇོག་བྱ་འདོད་ཡོད་ཚེ་སྐབས་འཕྲལ་གངས་ལྗོངས་ཆོས་ལྡན་གླིང་དུ་སྙན་འབུལ་ཞུ་དགོས། དེ་མིན་ཕྲུ་གུ་སློབ་གྲྭར་ཡོང་གི་ཡོད་ཤག་བྱས་ཏེ་སློབ་ཡོན་མུ་མཐུད་འབུལ་དགོས།

ཕ་མའི་སྐུ་ཚབ།

གངས་ལྗོངས་ཆོས་ལྡན་གླིང་གི་བོད་ཀྱི་སྐད་ཡིག་དང་ཟློས་གར་འཛིན་གྲྭའི་ལས་དོན་ལ་རྒྱབ་སྐྱོར་དང་མཐུན་འགྱུར་བསྐྲུན་ཆེད་ཕ་མ་ཚོའི་ངོས་ནས་སྐུ་ཚབ་གཉིས་འདེམས་བསྒྲུགས་བྱས་ཤིང་

ཁོ་ཚོའི་ལས་དོན་གཙོ་བོ་ནི།

༡) ཉིན་རེ་སློབ་གྲྭའི་ཞལ་ལག་བཟོ་མཁན་དང་། ཞལ་ལག་དུས་སུ་ཅོག་ཙེ་དང་རྐུབ་བཀྱག་སྒྲིག་མཁན། གཙང་མ་བཟོ་མཁན་གྱི་ཕ་མ་སོགས་དང་བླང་བཀོད་སྒྲིག་བྱ་རྒྱུ།
༢) གངས་ལྗོངས་ཆོས་ལྡན་གླིང་གིས་ཟློས་གར་སློབ་ཕྲུག་ཚོས་རིག་གཞུང་འཁྲབ་སྟོན་གང་ཡིན་སྐབས་གང་ཅིའི་མཐུན་འགྱུར་རོགས་རམ་བྱ་རྒྱུ།
༣) ལོ་འཁོར་གྱི་ནང་མིའི་སྤྲོ་སྐྱིད་གྲ་སྒྲིག་བྱ་རྒྱུ།
༤) སློབ་གྲྭའི་ལས་དོན་དང་འབྲེལ་ཡོད་དགོས་གལ་ནམ་བྱུང་མཚམས་ཤེས་ཡོན་དང་རིག་གཞུང་འགན་འཛིན་གཉིས་ལ་རོགས་སྐྱོར་དཔུང་རོགས་བྱ་རྒྱུ།
༥) དཔལ་འབྱོར་འསྡུ་འགོད་ཀྱི་ལས་གཞི་ཁག་ལ་ཕྱྭར་གྲུ་མཉམ་འདེགས་བྱ་རྒྱུ།