འཛིན་རིམ་བདུན་པ།
ཟིན་བྲིས་འདེབས་པ་པོ། རྒན་བསྟན་འཛིན་ཉིན་བྱེད།
ཕྱི་ལོ་ ༢༠༢༣ ཟླ་ ༨ ཚེས་ ༨
སྔོན་དུ་གླེང་བ།
དེ་ཡང་ཕྱི་ལོ་ ༡༩༥༩ ལོར་བོད་ས་ཡོངས་རྫོགས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བས་བཙན་འཛུལ་ཧམ་བཟུང་བྱས་རྗེས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་ཁྲི་ཁྲག་བརྒལ་བ་ཞིག་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་ལ་མ་ཕེབས་ཀ་མེད་བྱུང་ཞིང་། བཙན་བྱོལ་དུ་གྱར་རིང་གོང་ས་མཆོག་གིས་བོད་པའི་ཕྲུ་གུ་ཚོར་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་རྣམས་ངེས་ཤེས་འདྲོངས་ཆེད་བོད་པའི་སློབ་གྲྭ་དམིགས་བསལ་གྱིས་ཟུར་འཛུགས་གནང་ཡོད་ཅིང་། དེར་བརྟེན་འདས་པའི་མི་ལོ་ ༦༠ ལྷག་གི་རིང་བཙན་བྱོལ་བོད་གཞུང་དང་མི་རབས་རྒན་པ་ཚོའི་སྐུ་དྲིན་ལས་བོད་ཕྲུག་རྣམ་པས་དེང་རབས་ཀྱི་ཤེས་ཡོན་མ་ཟད། བོད་ཀྱི་སྐད་ཡིག་དང་རིག་གཞུང་ལའང་གང་ཙམ་གྱིས་སྦྱང་བརྩོན་ཐུབ་པ་བྱུང་ཡོད། འོན་ཏེ་ལོ་རབས་ ༩༠ ནས་བཟུང་བོད་མི་མང་དག་ཅིག་ཕྱི་རྒྱལ་ནུབ་ཕྱོགས་ཡུལ་གྲུ་ཁག་ཏུ་སྤོ་བཞུགས་ཀྱིས་ད་ལྟའི་ཆར་ཨ་རི་དང་ཁེ་ན་ཌ དེ་བཞིན་ཡོ་རོབ་མངའ་ཁུལ་དུ་བོད་མི་ཕན་ཆེ་གནས་བཅའ་བཞིན་ཡོད་ལ། ཁོང་ཚོར་བཟའ་འཐུང་གནས་མལ་སོགས་ཀྱི་དཀའ་ངལ་དེ་ཙམ་མེད་པ་མ་ཟད། ཡུལ་ལུང་སོ་སོའི་མི་སེར་ལག་འཁྱེར་གྱི་ཐོབ་ཐང་ཡོད་ནའང་། ཕྱི་རྒྱལ་ཡུལ་ལུང་དུ་སྐྱེས་འཚར་བྱུང་བའི་བོད་ཕྲུག་ཚོར་སོ་སོའི་ཡབ་མེས་ཀྱི་སྐད་དང་རིག་གཞུང་སོགས་སྦྱོང་རྒྱུའི་གོ་སྐབས་དཀོན་སྟབས། ས་གནས་ཀྱི་བོད་རིགས་སྤྱི་མཐུས་ཚོགས་པས་གཟའ་འཇུག་སློབ་གྲྭ་ཞིག་གསར་བསྐྲུན་གྱིས་རེས་གཟའ་ཉི་མ་འཆར་ཅན་དུ་བོད་ཕྲུག་ཚོར་བོད་ཀྱི་སྐད་ཡིག་དང་ཟློས་གར་སློབ་འཁྲིད་བྱེད་བཞིན་ཡོད། འདི་ག་ཊོ་རོན་ཊོ་བོད་རིགས་སྤྱི་མཐུན་ཚོགས་པ་ནས་ཀྱང་གཟའ་འཇུག་སློབ་གྲྭ་ཞིག་གོ་སྒྲིག་གིས་བོད་ཕྲུག་ཚོར་བོད་ཡིག་སློབ་མུས་ཡིན་པས། ད་བར་བོད་ཕྲུག་བརྒྱ་ཕྲག་འགའ་རེར་བོད་ཀྱི་སྐད་ཡིག་དང་ཟློས་གར་གྱི་སློབ་འཁྲིད་གནང་ཐུབ་པ་བྱུང་ཡོད།
དམིགས་ཡུལ་ངེས་ཅན།
ཡར་རྒྱས་ལ་མཐའ་མེད་ཅེས་བཤད་སྲོལ་ལྟར། ད་ལྟའི་ཊོ་རོན་ཊོ་བོད་རིགས་སྤྱི་མཐུན་ཚོགས་པའི་ངོས་ནས་འཛིན་ཁང་གསར་རྒྱག་གི་ལས་གཞི་དང་འཛིན་གྲྭ་བདུན་པའམ་བརྒྱད་པ་བར་འཕར་རྒྱངས་ཀྱིས་ལས་གཞི་རྒྱ་བསྐྱེད་དུ་གཏོང་བཞིན་ཡོད། ལས་གཞི་འདིའི་རྩ་བའི་དམིགས་ཡུལ་ནི་སློབ་མ་ཚོར་བོད་ཡིག་གང་ལ་གང་འཚམས་ཞིག་སློབ་འཁྲིད་ཀྱིས་མཐའ་མ་སློབ་མ་རང་ཉིད་རང་ཁ་རང་གསོའི་ཚུལ་དུ་བསྐྱེད་སྲིང་བྱ་རྒྱུ་དེ་ཡིན་ལ། དེ་ཇི་ལྟར་ཡོང་མིན་དཔེ་མཚོན་ཙམ་དུ་ཞུས་ན་འདི་ལྟར་ཏེ། སློབ་མ་རྣམས་སློབ་ཐོན་རྗེས་མུ་མཐུད་མ་སྐུལ་དང་བླངས་ཀྱིས་རང་ངོས་ནས་བོད་ཡིག་དང་བོད་དཔེ་བཀླག་པར་རྩོལ་བ་བྱེད་ཐུབ་པ་ཡོང་རྒྱུ་སྟེ། མདོར་ན་སློབ་མ་ཚོས་མ་ཤི་བར་དུ་མི་ཚེ་གང་པོར་བོད་ཡིག་དང་བོད་དཔེ་ནས་ཁ་མ་བྲལ་བ་ཡོང་ཐབས་བྱ་རྒྱུ་དེ་ཡིན། དེ་དག་ཡོང་བར་སློབ་མ་ཚོའི་བོད་ཡིག་གི་རྨང་གཞི་བརྟན་པོ་ཞིག་འཛུགས་དགོས། དེ་ལྟར་ཡོང་བར་འཛིན་གྲྭ་དྲུག་པ་བར་དུ་མ་ཟད། བརྒྱད་པ། དགུ་པ། བཅུ་པ། བཅུ་གཅིག རབ་བྱུང་ན་བཅུ་གཉིས་བར་རྒྱུན་སྐྱོང་བྱེད་དགོས། ད་ལྟའི་ཆར་འཛིན་གྲྭ་བདུན་པ་བར་དུ་གནས་སྤར་བྱུང་བར་དགའ་བསུ་ཞུ།
སློབ་ཚན་དངོས་གཞི།
གཟའ་འཇུག་སློབ་གྲྭའི་དུས་ཡུན་ལོ་གཅིག་ཡིན་ཞིང་། དེའི་ནང་ནས་ཟླ་བཞི་ཙམ་དགུང་སེང་འཁེལ་གྱི་ཡོད་སྟབས་དངོས་གཞིའི་སློབ་གཉེར་ཆེད་ཟླ་བརྒྱད་ལས་མེད་ཅིང་། དེའི་ནང་ནས་གཟའ་ཉི་མ་ཁེར་རྐྱང་མ་གཏོགས་འཛིན་གྲྭ་འཚོགས་ཀྱི་མེད་སྟབས། དུས་ཚོད་ཀྱི་ཆ་ནས་མཐུན་རྐྱེན་འཛོམས་པོ་ཞིག་མེད་པ་སྨོས་མེད་ཡིན། མདོར་ན་ཟླ་བརྒྱད་ནང་ཁྱོན་བསྡོམས་འཛིན་གྲྭ་ཐེངས་ ༣༨ ཙམ་ལས་འཚོགས་ཐུབ་ཀྱི་མེད། ཆ་རྐྱེན་འདི་འདྲ་ཞིག་གི་འོག་ཏུ་སློབ་ཚན་དང་སླབ་གཞི་བཀོད་སྒྲིག་བྱེད་རྒྱུ་ནི་རྒྱུན་ལྡན་ཞིག་མིན་ཞིང་། འབྲེལ་ཡོད་ཁེ་ཎ་ཌའི་གནས་བབ་དང་བསྟུན་ཏེ་འཆར་འགོད་བྱེད་རྒྱུ་གལ་ཆེ་བར་མཐོང་ན། གཤམ་གསལ་སླབ་གཞི་འདི་བཀོད་སྒྲིག་བྱས་ཡོད།
དང་པོ། བོད་བཙན་པོའི་ལོ་རྒྱུས། འབྲི་གུང་སྐྱབས་མགོན་གྱིས་མཛད་པའི་བོད་བཙན་པོའི་དཔེ་དེབ།
དེ་ཡང་བོད་པའི་ཁ་རྒྱུན་དུ་ཡབ་མེས་ཀྱི་ཡིག་ཚང་མི་ཤེས་ན་ནགས་ཀྱི་སྤྲེའུ་འདྲ་ཞེས་གསུངས་པ་ལྟར་སློབ་མ་ཚོར་བོད་ཀྱི་ལོ་རྒྱུས་ཕྲན་བུ་ངོ་སྤྲོད་བྱ་རྒྱུ་གལ་ཆེ། ལྷག་པར་དུ་སུམ་གཉིས་ས་ཡི་དབང་སྒྱུར་མཁན་ཏེ་བོད་བཙན་པོའི་ལོ་རྒྱུས་ངོ་སྤྲོད་བྱ་རྒྱུ་དེ་བས་གལ་ཆེ། གཙོ་བོ་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་ལོ་རྒྱུས་ཡོངས་གྲགས་སུ་ཤེས་ཀྱི་ཡོད་ནའང་མཛངས་བློན་རྣམ་པའི་ལོ་རྒྱུས་ཤེས་མཁན་དེ་ཙམ་མེད་པར་སྣང་ཞིང་། འབྲི་གུང་སྐྱབས་མགོན་གྱིས་བརྩམས་པའི་བོད་བཙན་པོའི་སྐོར་གྱི་དཔེ་དེབ་ནང་བློན་པོ་མགར་སོགས་ཀྱི་ལོ་རྒྱུས་མཚར་དུ་མངར་བ་གང་ཙམ་ཞིག་བཀོད་འདུག་པས་སློབ་མ་ཚོར་ངོ་སྤྲོད་ཞུ་རྒྱུ།
གཉིས་པ། སུམ་ཅུ་པ། མཁས་མཆོག་དངུལ་ཆུ་ཡབ་སྲས་ཀྱི་ལེགས་བཤད་ལྗོན་དབང་།
སུམ་རྟགས་དག་གསུམ་ནི་བོད་ཡིག་གི་བླ་སྲོག་ལྟ་བུ་ཡིན། སུམ་རྟགས་དག་གསུམ་མི་ཤེས་ན་བོད་ཡིག་ལ་གོ་བ་ངེས་ཅན་ཞིག་ལེན་མི་ཐུབ་པ་ཡོངས་གྲགས་ལ་སོང་། འཛིན་གྲྭའི་ནང་རྟག་པར་ཆུ་ཚོད་གཅིག་རིང་མཁས་མཆོག་དངུལ་ཆུ་ཡབ་སྲས་ཀྱིས་མཛད་པའི་ལེགས་བཤད་ལྗོན་དབང་སློབ་ཁྲིད་བྱེད་རྒྱུ་ཡིན། ཚང་མས་མཁྱེན་གསལ་ལྟར་ལྗོན་དབང་ནང་རྣམ་དབྱེ་བདུན་དང་རྫོགས་ཚིག ལྷག་བཅས། རྒྱན་སྡུད་སོགས་གཞི་རྩའི་སུམ་ཅུ་པའི་དཀའ་གནད་ཆ་ཚང་འཁོད་ཡོད་སྟབས། སློབ་མ་ཚོར་ལྗོན་དབང་ངོ་སྤྲོད་བྱུང་ཚེ་སུམ་ཅུ་པའི་འགྲོ་ལུགས་གང་འཚམས་ཞིག་ངེས་ཤེས་འདྲོངས་ཏེ་བོད་ཡིག་གི་གནས་ཚད་གོང་མཐོར་འགྲོ་ངེས།
གསུམ་པ། དེང་རབས་བརྩམས་སྒྲུང་།
བརྩམས་སྒྲུང་ངོ་སྤྲོད་བྱེད་རྒྱུ་ནི་སྐད་ཡིག་ཡར་རྒྱས་གཏོང་བར་ཤིན་ཏུ་ནས་ཕན། འཛམ་གླིང་ནང་མཆིས་པའི་མཐོ་རིམ་སློབ་གྲྭ་ཁག་ཚང་མས་རང་སོ་སོའི་སློབ་མར་བརྩམས་སྒྲུང་ངོ་སྤྲོད་བྱེད་ཀྱི་ཡོད། དེ་བས་གཟའ་འཇུག་སློབ་གྲྭའི་སློབ་མ་ཚོ་ལའང་སོ་སོའི་ཁམས་དང་མོས་པར་མཐུན་པའི་བརྩམས་སྒྲུང་གང་མང་ཞིག་ལེགས་འདེམས་ཀྱིས་སློབ་འཁྲིད་ཞུ་རྒྱུ་ཡིན། བརྩམས་སྒྲུང་ནི་སྙན་ཞིང་འཇེབས་པ། ནང་དོན་ཕུན་སུམ་ཚོགས་པ། བརྗོད་བྱེད་གོ་བདེ་བ་སོགས་ཀྱི་ཁྱད་ཆོས་ཡོད་ན། གལ་ཏེ་སློབ་མ་ཚོས་དོ་འཁུར་གནང་ཚེ་སྐད་ཡིག་གི་གནས་བབ་ལ་ཕྱོགས་ཡོངས་ནས་ཡར་རྒྱས་སོང་བ་མ་ཟད། བོད་པའི་བསམ་བློའི་ཁྱེར་གསོའམ་རིག་གཞུང་ཇི་འདྲ་ཞིག་ཡིན་མིན་ཤེས་ཐུབ། གུས་པས་ངོ་སྤྲོད་བྱེད་རྒྱུའི་བརྩམས་སྒྲུང་རྣམས་ནི།
ཀླུ་དང་མི།
ཀླད་གོར།
ཡོང་ཁུངས་བོད་ནས།
རྩོམ་གྱི་ནང་དོན་སྙིང་བསྡུས། བོད་པའི་སྲོལ་རྒྱུན་གྱི་ལྟ་བ་དང་ཡིད་ཆེས་ལྷ་ཀླུ་གཉན་གསུམ་དང་དེང་རབས་ཚན་རིག་དབར་གྱི་འགལ་ཟླའི་སྐོར་གྱི་བརྩམས་སྒྲུང་ཞིག་ཏེ། བོད་དུ་རིག་གནས་གསར་བརྗེ་ཟེར་བའི་དུས་སྐབས་ལ་བཏབ་པའི་བརྩམས་སྒྲུང་ཡིད་དུ་འོང་བ་ཞིག སྨྱུག་མིང་དུ་ཀླད་གོར་འབོད་པ་ཁོང་ནི་ད་ཡོད་བོད་ནང་གི་་དེང་རབས་རྩོམ་པོ་པོའི་ཁྱུ་མཆོག་ལྟ་བུ་ཞིག་ཏུ་ངོས་བཟུང་བ་ཡིན།
པེ་ཅིན་གྱི་བོད་པ།
ལྷ་བྱམས་རྒྱལ།
ཡོང་ཁུངས་བོད་ནས།
རྩོམ་གྱི་ནང་དོན་སྙིང་བསྡུས། རྒྱ་ནག་གི་རྒྱལ་ས་ཆེན་མོ་པེ་ཅིན་དུ་གནས་སྡོད་བྱེད་བཞིན་པའི་བོད་པའི་སྐོར། སོ་སོའི་ཕ་ཡུལ་ནས་ཁ་གྱེས་ཏེ་ཕྱིའི་རྒྱལ་ཁབ་ཀྱི་གྲོང་འཁྱེར་ཆེན་མོའི་ནང་བོད་པའི་སྐད་དང་ཡུལ་གོམས་གཤིས་ལུགས་རྒྱུན་འཁྱོངས་ཡོང་བར་དཀའ་ཚེགས་ཇི་འཕྲད་དང་དེར་གདོང་ལེན་ཇི་ལྟར་བྱེད་ཚུལ་གྱི་རྩོམ་ཡིད་དུ་འོང་བ་ཞིག མ་ཟད་རྩོམ་གྱི་ནང་དུས་རབས་བཅུ་གསུམ་སྐབས་ལོ་རྒྱུས་སུ་པེ་ཅང་དུ་བོད་པ་དང་པོ་ཕེབས་མཁན་ས་སྐྱ་མགྲོ་མགོན་ཆོས་འཕགས་ཀྱི་སྐོར་དང་། དུས་རབས་བཅུ་བདུན་པའི་མན་ཇུའི་མངའ་དབང་བཟུང་སྐབས་པེ་ཅིན་དུ་གོང་ས་ལྔ་པ་ཆེན་པོ་ཇི་ལྟར་ཕེབས་པ་དང་འབྲེལ་ཡོད་ཆབ་སྲིད་ཀྱི་དོན་གནད་སོགས་འཁོད་ཡོད། ངེས་པར་དུ་བཀླག་དགོས་པའི་རྩོམ་ཞིག
ནོར་སྐྱག
ཚེ་རིང་དོན་སྒྲུབ།
ཡོངས་ཁུངས་བོད་ནས།
རྩོམ་གྱི་ནང་དོན་སྙིང་བསྡུས། གྲགས་ཅན་རྩོམ་པ་པོ་ཚེ་རིང་དོན་གྲུབ་ཀྱི་རྩོམ་འདིའི་ནང་དོན་གཙོ་བོ་ནི། རྒྱ་ནག་གི་སྐྱུག་བྲོ་བའི་གཅིག་སྡུད་དམར་ཤོག་ལམ་ལུགས་བོད་ཀྱི་ས་ཁུལ་ལ་ཇི་ལྟར་ལག་བསྟར་གྱིས་ཕྱོགས་ཡོངས་ནས་བོད་ཀྱི་ཆོས་དང་རིག་གཞུང་དཔལ་འབྱོར་སོགས་ལ་གོད་ཆགས་བྱུང་བཞིན་པའི་སྐོར་གྱི་རྩོམ་ཡ་མཚར་བ་ཞིག བཙན་བྱོལ་དུ་ཡོད་པའི་བོད་པ་ཚོས་ངེས་པར་དུ་སྦྱོང་དགོས་པའི་རྩོམ་ཞིག་སྟེ། རྒྱ་ནག་གི་བཙན་འོག་ཏུ་ཡོད་པའི་བོད་ཀྱི་ཁ་ཐབ་ངོས་འཛིན་གསལ་པོ་ཡོང་བར་ཕན་པ་མ་ཟད། དམངས་གཙོ་དང་རང་དབང་ཟེར་བ་ཇི་འདྲའི་རྩ་ཆེན་ཡིན་པ་ཤེས་ཐུབ།
སྐྱོ་གར།
གཅན་གཟོད་རྒྱམ།
ཡོངས་ཁུངས་བཙན་བྱོལ།
རྩོམ་གྱི་ནང་དོན། བཙན་བྱོལ་ནང་མི་རབས་རྒན་གཞོན་བར་འགྱུར་བཞིན་པའི་བོད་རང་བཙན་འཐབ་རྩོད་ཀྱི་ལས་དབང་སྐོར། སུམ་ཅུའི་དུས་དྲན་ཀྱི་སྐད་འབོད་ལ་གཞི་བཞག་པའི་བརྩམས་སྒྲུང་སེམས་འགུལ་ཐེབས་པ་ཞིག ཆབ་སྲིད་དྲིལ་བསྒྲགས་རྐྱང་པ་ཞིག་མ་ཡིན་པར་སྒྱུ་རྩལ་རང་གཤིས་ཅན་གྱི་རྩོམ་ངེས་པར་དུ་བཀླག་དགོས་པ་ཞིག བོད་ཀྱི་ཆོས་དང་རིག་གཞུང་རྒྱུན་འཁྱོངས་ཡོང་བར་བོད་ཀྱི་ཆབ་སྲིད་ཀྱི་དཀའ་རྙོག་ངེས་པར་དུ་སེལ་དགོས་སྟབས་སུམ་དུས་དང་འབྲེལ་བའི་སྒྲུང་རྩོམ་འདི་སློབ་མ་ཚོས་ངེས་པར་དུ་བསྟེན་དགོས།
ལང་འཚོའི་བབ་ཆུ།
དོན་གྲུབ་རྒྱལ།
རང་མོས་སྙན་ངག
ལོ་རབས་ ༨༠ ནང་དར་ཁྱབ་བྱུང་བའི་དོན་གྲུབ་རྒྱལ་གྱི་རང་མོས་སྙན་ངག ནང་དོན་གཙོ་བོ་ནི། མི་རབས་གསར་པའི་སྙིང་ཁམས་ཀྱི་འཕར་ལྡིང་མཚོན་པར་བྱེད་པའི་རང་མོས་སྙན་ངག་རིང་མོ། བོད་ཕྱི་ནང་གི་གཞོན་སྐྱེས་ཚོས་དགའ་མོས་བྱེད་པའི་རྩོམ་ཞིག
བཞི་པ། ནང་ལས།
ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
རྩོམ་པ་པོ། ཏ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ།
ནང་དོན་སྙིང་བསྡུས། རྒྱལ་བའི་མཛད་རྣམ། སྐུ་མདུན་ཨ་མདོ་སྟག་འཚེར་དུ་སྐུ་འཁྲུངས་པ་ནས་རྒྱལ་བའི་ཡང་སྲིད་དུ་ངོས་འཛིན། ལྷ་ལྡན་སྨོན་ལམ་ཆེན་མོར་གསེར་ཁྲི་མངའ་སྲོལ། དགེ་བཤེས་ལྷ་རམས་པའི་དམ་བཅའ་ཇི་ལྟར་བཞེས་ཚུལ། དགུང་གྲངས་བཅུ་དྲུག་ཐོག་ཆོས་སྲིད་གཉིས་ཀྱི་བདག་པོར་སྒྱུར་ཚུལ། རྒྱ་ནག་གིས་བོད་བཙན་འཛུལ་ཇི་ལྟར་བྱས་མིན། ཞི་བའི་གྲོན་མཐུན་དོན་ཚན་བཅུ་བདུན་ཟེར་བ་དང་། དེ་བཞིན་ལྷ་སའི་སུམ་བཅུའི་མི་མང་སྒེར་ལངས། རྒྱ་ནག་གི་དྲག་གནོན་དང་རྒྱལ་མཆོག་བཙན་བྱོལ་དུ་གྱེར་ཚུལ་སོགས་ཀྱི་རྩ་ཆེའི་མཛད་རྣམ། དཔེ་དེབ་འདི་འཛིན་གྲའི་སྐབས་སུ་འཁྲིད་རྒྱུའི་བསླབ་གཞི་མིན། གཙོ་བོ་ནང་ལས་ཀྱི་ཁོངས་སུ་འཇོག་རྒྱུ་ཡིན། སློབ་མ་ཚོས་ནང་ལས་ཀྱི་ཚུལ་དུ་ཉིན་རེར་ཉུང་ཐར་མཛད་རྣམ་ནས་ཤོག་གྲངས་གཅིག་ཞིབ་ཚགས་ཀྱིས་ཀློག་དགོས།
My Land and My People
རྒྱལ་བའི་མཛད་རྣམ་དབྱིན་སྒྱུར་མ།
སློབ་མ་ཚོས་ནང་ལས་སྐབས་སུ་བོད་ཡིག་ཐོག་གི་སྐུ་མདུན་གྱི་མཛད་རྣམ་ཀློག་པའི་སྐབས་དབྱིན་ཇིའི་སྒྱུར་དེབ་ My Land and My people དང་ཟུང་འབྲེལ་གྱིས་ཀློག་རྒྱུ། དེའི་རྒྱུ་མཚན་ནི་བོད་དབྱིན་ཟུང་འབྲེལ་གྱི་ཀློག་ན་མ་དཔེ་ངོ་མའི་གོ་བ་མཐིལ་ཕྱིན་ལོན་རྒྱུའི་ཕན་ཐོགས་ཡོད། མདོར་ན་དབྱིན་སྒྱུར་མ་དེ་ནི་ཚིག་མཛོད་ཀྱི་ངོ་བོའི་ཐོག་ནས་ལོངས་སུ་སྤྱད་དེ་བོད་ཡིག་ཐོག་ཡོད་པའི་རྒྱལ་བའི་མཛད་རྣམ་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་གི་ནང་དོན་ཆ་ཚང་རྟོག་ཐུབ་པ་བྱ་རྒྱུ།
སློབ་ཚན་དུས་ཡུན་གཉིས་སུ་ཆ་བགོད།
གོང་དུ་འཁོད་པ་ལྟར་ལོ་གཅིག་ནང་ཟླ་བརྒྱད་ཙམ་སློབ་ཁྲིད་བྱེད་རྒྱུའི་གོ་སྐབས་ཡོད། དེའི་ནང་ནས་ཆ་སྙོམས་སུ་ཕོབ་ན། ཁྱོན་བསྡོམས་འཛིན་གྲྭ་ཐེངས་ ༣༨ ཙམ་འཚོགས་རྒྱུའི་སྐལ་བ་ཡོད། འཛིན་གྲྭ་ཐེངས་ ༣༨ དུས་ཡུན་ཐེངས་གཉིས་སུ་བགོས་ན། དུས་ཡུན་ཐེང་རེར་འཛིན་གྲྭ་ཐེངས་ ༡༨ ཙམ་འཚོགས་རྒྱུའི་གོ་སྐབས་ཡོད། དེར་བརྟེན། དུས་ཡུན་ཐེངས་དང་པོའི་སྐབས་ལྗོན་དབང་ཕྱེད་ཀ་ཙམ་ཁྲིད་ཐུབ་པ་བྱ་རྒྱུ་དང་། དེང་རབས་རྩོམ་གྱི་ལེ་ཚན་ཁྲོད་ནས་རྩོམ་གསུམ་འཁྲིད་ཐུབ་པ་བྱ་རྒྱུ། དེ་ནས་དུས་ཡུན་གཉིས་པའི་སྐབས་ལྗོན་དབང་གྱི་ལྷག་འཕྲོད་དང་བརྩམས་སྒྲུང་གཞན་གསུམ་འཁྲིད་ཐུབ་པ་བྱ་རྒྱུ། ད་དུང་དུས་ཚོད་ལྷག་ཚེ། བོད་ནས་གསར་དུ་འབྱོར་བ་ཞིག་གིས་བརྩམས་པའི་དཔེ་དེབ་མ་ཤི་གསོན་བྲལ་ནས་ཟུར་འདོན་གྱིས་གལ་ཆེའི་ལེའུ་ཁག་འཁྲིད་འཆར་ཡོད།
ཟུར་མཆན། འཆར་གཞི་འདི་ཟིན་བྲིས་སུ་བཏབ་པ་ཞིག་ཡིན་པས་འབྲེལ་ཡོད་དགེ་རྒན་རྣམ་པ་དང་འཛིན་སྐྱོང་ལས་སྣེ་ཚོས་གཟིགས་ཞིབ་ཀྱིས་དགོངས་འཆར་བཟང་པོ་རིགས་ཕེབས་ཚེ་ཁ་སྣོན་བྱེད་རྒྱུ་ཡིན། གོང་དུ་བཀོད་པའི་འཆར་གཞི་་ཁག་ལམ་ལྷོང་ཡོང་བར་དགེ་རྒན་དང་སློབ་ཕྲུག འཛིན་སྐྱོང་ཕ་མ་ཚང་མས་མཐུན་འགྱུར་རོགས་རམ་དགོས་ཀྱི་ཡོད་སྟབས། ང་དགེ་རྒན་གྱི་ངོས་ནས་ལྷག་བསམ་རྣམ་དག་དང་ནུས་པ་ཅི་ཡོང་སྤུང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ལ། སློབ་མའི་ངོས་ནས་ཀྱང་ཁྲལ་ཀྱི་ཚུལ་དུ་ཙམ་མ་ཡིན་པར་བོད་ཡིག་ལ་སེམས་གཏིང་ནས་དུང་ཞེན་ཡོད་དགོས། འདི་ལྟར་ཡོད་ཚེ་སློབ་མ་ཚོས་འཛིན་གྲྭའི་ནང་སློབ་ཚན་ལ་དོ་སྣང་སྤྲོད་པ་མ་ཟད། ནང་ལས་བཀོད་སྒྲིག་བྱས་པ་རྣམས་དྭང་ལེན་བྱེད་ངེས། དེ་བཞིན་འཛིན་སྐྱོང་དང་ཕ་མའི་ངོས་ནས་ཀྱང་མཐུན་རྒྱུར་རོགས་འདེགས་ཆ་ཚང་གནང་བའི་རེ་བ་དང་ཡིད་ཆེས་ཡོད། ཆ་རྐྱེན་དེ་དག་བསྒྲུབ་ན། ང་ཚོས་སློབ་མ་རྣམས་བོད་ཀྱི་སྐད་ཡིག་གི་ཇོ་མོ་གླང་མའི་རི་རྩེར་བཀོད་ཐུབ་ངེས་སོ།།